查看原文
其他

བརྩེ་དུང་ནི་ཀུ་རེ་མིན།

TB菩提树园 爱情孤岛 2020-02-28

ཐོག་ལྕེའི་གླིང་ག

མུ་འབྲེལ་བརྩེ་དུང་ལེ་ཚན།

ཐོག་ལྕེའི་མི་སྒེར་དུངས་བརྗོད་འཕྲིན་སྟེགས་འདི་ནི་གཞོན་ནུ་ཕོ་མོ་དག་གི་ལྷད་མེད་དྭངས་གཙང་གི་བརྩེ་བའི་མུ་ཏིག་གི་མགུལ་རྒྱན་བསླེས་ཡུལ་དང་། བརྩེ་བའི་ཟུངས་ཁྲག་དམར་པོའི་ཕྲ་རྒྱན་སྤྲས་ས་ཡིན་པས། འདིར་ཆེད་དུ་མི་སྒེར་གྱི་བརྩེ་དུངས་དངོས་བྱུང་གི་གཏམ་རྒྱུད་ཚོར་བའི་རྒྱུད་སྐུད་དུ་བརྒྱུས་ཏེ་ཀློག་པ་པོ་སྟོང་ཕྲག་མང་པོར་སྐྱིད་ལ་སྡུག་པའི་བརྩེ་དུང་གི་ཕྱི་ནང་བར་གསུམ་མཆོད་ཡུལ་ཡིན་པས། གཞོན་ནུ་ཕོ་མོའི་བརྩེ་དུང་དང་འབྲེལ་བའི་དུངས་བརྗོད་ལྷུག་རྩོམ། དུངས་བརྗོད་གྱེར་འདོན། མཛའ་གཞས་སྙན་མོ། བརྩེ་དུང་མཚོན་པའི་གློག་བརྙན་ཡག་པོ། མདོར་ན་གཞོན་ནུ་ཕོ་མོའི་བརྩེ་དུང་དང་འབྲེལ་བའི་གནས་ཚུལ་ཅི་རིགས་སྤེལ་བཞིན་ཡོད་པས། འདི་ལ་སྤྲོ་བ་དང་ཡོད་མཁན་ཚོས་རྒྱབ་སྐྱོར་ཚུལ་དུ་བརྒྱུད་བསྐུར་མང་དུ་བྱེད་རོགས་ཞུ་ཞེས་སྐུལ་་མ་ལན་བརྒྱར་ཞུ་ཞུ། །

ཞེན་ཆགས་ཀྱི་མེ་ལྕེ།

ད་ནི་ངས་ཁྱེད་ཉིད་དྲན་ཚད་ཁ་རུ་འབྱིན་པ་ནི་བག་མེད་དུ་འཆལ་བའི་སྤྱོད་པ་འབའ་ཞིག་ཏུ་ཟད་མོད། སོ་སོ་སྐྱེས་བོ་རང་ག་བ་ཞིག་ལ་མེ་ཏོག་གི་མདའ་མོ་སྙིང་དུ་ཕོག་ན་ཞེན་ཆགས་ཀྱི་མེ་ལྕེ་ཐུར་དུ་བསྟད་རུང་གྱེན་ལ་འབར་བའི་རང་བཞིན་ངོར་གནས་ཀྱི་ཚུལ་རྣམས་བསྒྱུར་ཏུ་མི་བཏུབ་པ་ཁྱེད་ཀྱིས་ཀྱང་རྟོགས་མི་ཐུབ་པའི་གནས་ལུགས་ཤིག་ཅིས་ཀྱང་མིན་པས། ལན་རེར་ངས་དྲན་པའི་སྒོ་ཀུན་ནས་བཀག་ཏེ་འདས་སོང་ལ་ཆུད་ཟོས་དང་། མ་འོངས་པར་རེ་སྟོང་མེད་པར། དུས་ད་ལྟའི་གནས་སྐབས་ལ་དམིགས་པ་རྩེ་གཅིག་ཏུ་གཏོད་ཐབས་ལ་ཇི་ལྟར་གཞོལ་ཀྱང་། ཁྱེད་དང་འབྲེལ་བའི་ཐ་སྙད་ཀྱི་ལོ་འདབ་དག་གཟུགས་མེད་ཀྱི་རླུང་བུའི་ཚུལ་གྱིས་ངའི་དྲན་ངོགས་སུ་ཚོད་ཚོད་མེད་པར་ཁ་བ་བཞིན་བབས་པས། ངས་འདང་བརྩེ་ཆེ་བའི་འུ་གཉིས་ཀྱི་ཆ་མི་ཚང་བའི་བརྩེ་དུང་གི་ཕྱིར་དྲན་ཀློང་དུ་ཡང་བསྐྱར་མྱུལ་མགོ་བརྩམས་ཏེ། གནའ་རྒྱ་གར་གྱི་དཔེ་ལྟར་ཤིང་ཏ་ལའི་ལོ་མའི་སྟེང་གསུང་རབ་བརྐོས་པ་བཞིན་དུ། ངས་ཁྱེད་དང་འབྲེལ་བའི་ཐ་སྙད་ཀྱི་ལོ་འདབ་ཁ་བ་བཞིན་འབབ་པའི་ཐོག་ཏུ་བརྗོད་མི་ཚར་བའི་དགའ་དུངས་དྲན་གསུམ་གྱི་གཟུགས་རིས་བརྐོ་ཐབས་ལ་འདི་ལྟར་ཕྱོགས་ན།

       ཇི་སྲིད་ཡི་གེའི་ཚོགས་རྣམས་མ་འཇིག་པ་དེ་སྲིད་དུ་ང་དང་ཁྱེད་ཉིད་སྟོང་སོང་རུང་། ངས་ཇི་འདྲའི་འདང་ཆེན་དུ་བརྩིས་པའི་འུ་གཉིས་ཀྱི་བརྩེ་དུང་གི་བྱུང་བ་ཐོར་རེ་བ་དག་འཇིག་ག་ལ་སྲིད་སྙམ། ད་ནི་ངས་འདི་ལྟར་སེམས་ཀྱི་དབྱིབས་དང་འདྲ་བའི་ཐ་སྙད་ཀྱི་ལོ་འདབ་དབུ་མགོར། ང་དང་ཐོག་ཁྱེད་ལ་ཆགས་སེམས་ཤོར་སྐབས་ཀྱི་ཁྱེད་ཀྱི་གཞོན་ཤ་ཆགས་ཤིང་། མིག་དཀྱུས་འདབ་ཡངས་ལས་བརྩེ་བའི་བརྡ་ལན་སྤྲོད་པའི་ཉམས་དེ་ག་རང་གཟུགས་རིས་སུ་འབྲི་བར་རྩོམ། འདི་ལྟར་ན་ཀློག་པ་པོ་སུ་ཞིག་གིས་མཐོང་མ་ཉིད་ནས་རྟོག་བྲལ་གྱི་མངོན་སུམ་དབང་ཡིད་དུ་འཕྲོད་བདེ་ལ་འཇུག་ཀྱང་བདེ་བས་དགའ་བ་འཕེར་བའི་གཞི་རུ་འགྱུར་བར་ཐེ་ཚོམ་མེད་ལ། ལྷག་ཏུ་སྐབས་སྐབས་སུ་བྲི་འཆར་ཡོད་པའི་ཐ་སྙད་ཀྱི་ལོ་འདབ་ཚོགས་གཞན་དང་གཞན་ལ་འཁྲིགས་པར་མི་འགྱུར་བའི་དགོས་པ་དམིགས་བསལ་ཅན་ཡོད་པས། ངས་འདི་ལྟར་ཁྱེད་ཀྱི་གཟུགས་རིས་ཐ་སྙད་ཀྱི་ལོ་འདབ་སྔ་ཕྱི་བར་གསུམ་དུ་བྲི་བར་ཤིན་ཏུ་མགུ་བ་ཁྱེད་ཀྱིས་ཨེ་རྟོགས་སམ། ང་རང་འདི་ལྟར་འབྲི་བར་མགུ་བ་ཡང་བག་ཆགས་སྔ་མའི་བསྐྱེད་གཞི་ཁྱེད་དང་འབྲེལ་བ་ཆེ་བ་གསང་དུ་མེད་པའི་དོན་ངོ་མ་ཞིག་ལ་ཐུག ཁྱེད་ཀྱིས་ང་ལ་ག་དུས་ཁ་བརྡ་བྱས་རུང་ཕལ་མོ་ཆེར་ང་ལ་དྲན་རྟེན་གྱི་ཚུལ་དང་། ཡང་ན་དྲན་པའི་གསེང་ནས་བརྗོད་མ་ཐུབ་པའི་སྐད་ཆ་ཅི་ཞིག་པར་རིས་ཀྱིས་མཚོན་པར་ང་ལ་བསྐུར་བཞིན་ཡོད། དེའི་ཕྱིར། ངས་ཐོག་མཐའ་བར་གསུམ་དུ་ཁྱེད་ཀྱིས་བསྐུར་བའི་པར་རིས་སྙིང་དུ་སྡུག་པ་དེ་དག་ལོགས་སུ་ཉར་ཚགས་བྱས་ནས་དུས་ད་ལྟའི་བར་དུ་ཡང་གསོན་ཉམས་དང་ལྡན་པར་ལྷག་པ་ནི་ཧ་ལམ་ངའི་མཐོང་བྱར་ཁོ་ནར་གྱུར་བ་འདྲའོ། །

ཕྱི་ལོ་༢༠༡༨/༦/༡༦ཉིན་ལ་གཙོས་གྲོང་ནས་སྦྱར།


    您可能也对以下帖子感兴趣

    文章有问题?点此查看未经处理的缓存